sdsafsa
རྫོངཁ།
English


སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་བདུན་པ་ བསྟན་པའི་ཉིན་བྱེད། ༼༡༨༧༥-༡༩༠༥༽

སྐུ་འཁྲུངས་ཚུལ།
སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་བདུན་པ་ བསྟན་པའི་ཉིན་བྱེད་མཆོག་ནི་ ཤརཕྱོགས་དགྲ་མེད་རྩེ་ལུ་ མ་ཡུམ་སེང་གེ་སྒྲོལ་མ་དང་ ཡབ་རྗེ་དཀོན་མཆོག་དབང་འདུས་གཉིས་ཀྱི་སྲས་ལུ་ སྤྱི་ལོ་༡༨༧༥ སྐོར་ཆ་ལུ་ སྐུ་འཁྲུངས་ནུག། དེ་ཡང་ཡབ་ཡུམ་དེ་གཉིས་ལས་ སྲས་གསུམ་བྱོན་པའི་གྲས་ལས་ ཆེ་བ་ཞབས་དྲུང་ཐུགས་སྤྲུལ་འཇིགས་མེད་ཆོས་རྒྱལ་དང་། བར་མ་རྟ་མགོ་སྤྲུལ་སྐུ་ཀུན་དགའ་གྲགས་པ། ཆུང་བ་སྒང་སྤྲུལ་བསྙན་པའི་ཉིན་བྱེད་ཨིནམ་ལས་ ཁོང་སྤུན་གསུམ་ལུ་ ཞབས་དྲུང་སྤུན་གསུམ་མམ་ ཆོས་རྗེ་རྣམ་གསུམ་ཟེར་ ཞུ་སྲོལ་བྱུང་ནུག།
སྐུ་ཡོན་བཞེས་ཚུལ།
སྤྲུལ་སྐུ་བསྟན་པའི་ཉིན་བྱེད་མཆོག་ སྒང་སྤྲུལ་དྲུག་པ་བསྟན་པའི་ཉི་མའིསྐུ་སྐྱེ་དངོས་སྦེ་ ངོས་འཛིན་གནང་སྟེ་ གདན་ས་སྒང་སྟེང་གསང་སྔགས་ཆོས་གླིང་ལུ་ གདན་འདྲེན་ཞུ་སྟེ་ གདོང་ལྔས་བཏེགས་པའི་ཁྲི་ལུ་ མངའ་གསོལ་རྒྱས་པར་མཛད་ནུག། དེ་ལས་ བླམ་ཤཱཀྱ་རྒྱལ་མཚན་ལ་སོགས་པའི་ དགེ་བའི་བཤེས་གཉེན་་ཚུ་བསྟེན་ཏེ་ ཤེས་བྱའི་གནས་ཀུན་ལུ་མཁས་པ་སྦྱངས་ཏེ་ བསྙེན་པར་རྫོགས་པའི་བསླབ་བ་བཞེས་གནང་ནུག།
བསྟན་འགྲོའི་མཛད་འཕྲིན།
དེ་ལས་གདན་ས་དཔལ་སྒང་སྟེང་གསང་སྔགས་ཆོས་གླིང་གཙུག་ལག་ཁང་གི་ དབུ་རྩེ་གཉྫི་ར་གསེར་གྱི་སྒོ་འཕང་ཕྱེ་གནང་བ་མ་ཚད་ གདན་ས་དེའི་ཉེ་འདབས་ལུ་ཡོད་པའི་ སྒྲུབ་གནས་ཀུན་བཟང་ཆོས་གླིང་དང་ སྒོར་དགོན་ལྷ་ཁང་། གཟི་གཟི་ལྷ་ཁང་། སྤྱི་ཐོག་ཕུན་ཚོགས་རབ་བརྟན་གླིང་གི་རི་རྩེར་ སྤང་ཁ་བསམ་གཏན་ཆོས་གླིང་གཙུག་ལག་ཁང་ཚུ་ གསར་དུ་ཕྱག་བཏབ། སྦས་ཡུལ་མཁན་པ་ལྗོངས་ཀྱི་སྒྲུབ་གནས་ཚུ་ནང་ ཉམས་རྟོགས་ཀྱི་ཡོན་ཏན་མངོན་དུ་གྱུར་ཏེ་ ལས་ཅན་གྱི་བུ་སློབ་ཚུ་ལུ་ ཟབ་ཆོས་ཀྱི་བདུད་རྩིའི་རྒྱུན་གྱིས་ཚིམ་པར་མཛད། དེ་ལས་གྲོ་བཞིན་ཟླ་བའི་མར་ངོའི་དུས་བཟང་ལུ་ བཀའ་དྲིན་གསུམ་ལྡན་གྱི་ཡབ་ ཞི་བར་གཤེགས་པའི་ཞུ་འཕྲིན་ཕེབས་ཏེ་ ཕོ་རྒནམ་སྦོམ་ཤོས་ ཞབས་དྲུང་གི་བཀའ་རྒྱ་ལྟར་དུ་ ཕོ་རྒནམ་རྟ་མགོ་སྤྲུལ་སྐུ་དང་ སྒང་སྤྲུལ་རང་ཉིད་ ཧེ་མརབྱོན། དེའི་ཤུལ་ལུ་ ཞབས་དྲུང་ཡང་བྱོན་ཏེ་ ཡབ་རྗེ་དམ་པའི་དགོངས་རྫོགས་རྒྱ་ཆེར་གྲུབ་པ་མ་ཚད་ སྤྱིར་ཁམས་གསུམ་འཁོར་བའི་འགྲོ་བ་ཡོངས་དང་ བྱེ་བྲག་ཏུ་ ཡབ་རྗེ་དམ་པ་དང་ ལོ་འགའ་ཤས་ཀྱི་ཧེ་མར་གཤགས་མི་ མ་ཡུམ་གཉིས་ཀྱི་དོན་ལུ་ རྒྱལབའི་སྐུ་གསུང་ཐུགས་ཀྱི་རྟེན་མང་རབས་ཅིག་ གསར་བཞེངས་གནང་སྟེ་ སླར་ཡང་ཆིབས་ཁ་གཞུང་ཕྱོགས་ལུ་བསྒྱུར་ཏེ་ དར་དཀར་ཡུལ་ལྗོངས་ཚུ་ནང་བྱོན་ཏེ་ ཟབ་རྒྱས་ཆོས་ཀྱི་འགྲོ་དོན་རྒྱ་ཆེན་པོ་མཛད། དེ་ཅིག་གི་བར་ན་ ས་གཡོམ་ཤུགས་ཅན་ཅིག་གིས་ གདན་ས་གཙོ་བོ་སྒང་སྟེང་གསང་སྔགས་ཆོས་གླིང་དེ་ལུ་ གནོད་རྐྱེན་སྦོམ་བྱུངམ་ལས་ སྒང་སྤྲུལ་རང་ཉིད་ཀྱིས་ གཙུག་ལག་ཁང་དེ་ སྔར་ལས་ལྷག་པའི་ཉམས་གསོ་ཞུཝ་མ་ཚད་ རྟེན་གསུམ་མང་རབས་ཅིག་གསར་བཞེངས་མཛད་པའི་མཐར་ རབ་གནས་ཀྱི་དགའ་སྟོན་ལུ་ ཞབས་དྲུང་རིན་པོ་ཆེ་དང་ རྟ་མགོ་སྤྲུལ་སྐུ་རྣམ་གཉིས་བྱོན་ཏེ་ རབ་གནས་རྒྱས་པར་མཛད་གནང་ནུག། དེ་ལས་ཡུན་མ་རིངམ་ཅིག་གི་བར་ན་ སྙུང་གཞི་དྲག་པོ་ཐེབས་ཏེ་ ཞབས་དྲུང་རིན་པོ་ཆེ་དང་ རྟ་མགོ་སྤྲུལ་སྐུ་གཉིས་ཀྱིས་ རིམ་གྲོ་ག་དེ་སྦེ་བསྒྲུབས་ཏེ་འབད་རུང་ སྙུང་གཞི་མ་དྭངས་པར་ སྤྱི་ཏོག་དགོན་པར་བྱོན། དེ་ཁ་ལས་ནོར་བུ་སྒང་དགོན་པར་བྱོན་ཏེ་ སྨན་བཅོས་རིམ་གྲོ་ག་ཅི་གིས་ཡང་མ་ཕན་པར་ དགུང་ལོ་༣༠ དེ་ཅིག་ཁར་ སྤྱི་ལོ་༡༩༠༥ ལུ་ སྐུ་ཞི་བར་གཤེགས་སོངམ་ལས་ སྐུ་གདུང་རིན་པོ་ཆེ་ སྒང་སྟེང་གསང་སྔགས་ཆོས་གླིང་ལུ་གདན་འདྲེན་ཞུ་སྟེ་ མེ་མཆོད་ཕུལ་ནུག། །

ང་བཅས་ལུ་རྒྱབ་སྐྱོར།