sdsafsa
རྫོངཁ།
English


སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་དྲུག་པ་ བསྟན་པའི་ཉི་མ། ༼༡༨༣༨-༡༨༧༤༽

སྐུ་འཁྲུངས་ཚུལ།
དུང་དཀར་ཆོས་རྗེའི་ཐོག་མ་ གླང་ཁ་རིན་པོ་ཆེའི་སྲས་ བསྟན་པའི་རྒྱལ་མཚན་ལུ་ སྨྱོས་རབས་༣༡ པ་ སྲས་སྐུ་མཆེད་གཉིས་བྱོན་པའི་ཆེ་བ་ བསྟན་པའི་ཉི་མ་མཆོག་ནི་ ཇི་སྐད་དུ། གཟོད་མ་ཉིད་ནས་སྒྲིབ་གསུམ་སྤྲིན་གྱིས་རུམ། །རྣམ་པར་བྲལ་བའི་ཡེ་ཤེས་ཉི་མ་ཆེ། །སྲིད་ཞིའི་མུན་སེལ་རྒྱལ་བའི་དཔལ་མངའ་བ། །ཟླ་བྲལ་བསྙན་པའི་ཉི་མ་ཁྱོད་མིན་སུ། ། ཟེར་གསུངས་དོ་བཟུམ་ ཨོ་རྒྱན་དགེ་ལེགས་རྣམ་རྒྱལ་གྱི་ཡང་སྲིད་འཁྲུལ་མེད་སྦེ་ སྤྱི་ལོ་༡༨༣༨ ལུ་ ཡ་མཚན་པའི་རྟགས་དང་བཅས སྐུ་འཁྲུངས་ནུག། ཞབས་དྲུང་འཇིགས་མེད་ནོར་བུ་མཆོག་གིས་ཞབས་བརྟན་ཕུལ་བ། དེ་ལས་དཔལ་རི་གཉིས་པ་ སྒང་སྟེང་གསང་སྔགས་ཆོས་གླིང་གི་གདན་སར་ ཁྲི་སྟོན་རྒྱས་པར་མཛད་ཡོདཔ་དང་ དུས་སྐབས་དེའི་ དཔལ་ལྡན་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་འཇིགས་མེད་ནོར་བུ་མཆོག་གིས་ཡང་ སྤྲུལ་སྐུའི་སྐུ་ཚེ་ཞབས་པད་བརྟན་ནི་དང་ འགྲོ་དོན་འཕྲིན་ལས་རྒྱས་ཐབས་ལུ། ཀ་དག་གདོན་མའི་དབང་ཕྱུག་ཀུན་ཏུ་བཟང་། །རྒྱལ་ཀུན་བརྩེའི་རང་གཟུགས་སྙིང་རྗེའི་གཏེར། །སྲིད་ཞི་དཔལ་མགོན་ཐོད་ཕྲེང་རྩལ་རྣམས་ཀྱིས། །དཔལ་ལྡན་བླ་མའི་སྐུ་ཚེ་བྱིན་གྱིས་རློབས། །སྔ་འགྱུར་བསྟན་པའི་སྲོག་འཛིན་ཆོས་ཀྱི་རྗེ། །གདུལ་དཀའི་འགྲོ་བ་འདུལ་མཛད་རིགས་བརྒྱའི་བདག ། ཕྱོགས་མཐར་གྲགས་པའི་བ་དན་གཡོ་བ་ཅན། །མི་འགྱུར་དབང་གི་རྒྱལ་པོར་བརྟན་པར་བཞུགས། ། པདྨའི་འཕྲིན་ལསསྙིང་པོ་གྲུབ་པའི་སྲོལ། ། ལྔབདོ་སྨག་རུམ་ནང་དུ་འཐུམ་དུས་འདིར། །གསང་ཆེན་བསྟན་པའི་ཉི་མ་ཁྱོད་འབར་བས། །སྲིད་པའི་མུན་པ་དྲུང་ནས་འབྱིན་པར་ཤོག །ཟེར་བའི་ཞབས་བརྟན་གསོལ་འདེབས་ཕུལ་གནང་ནུག།
སྐུ་ཡོན་བཞེས་ཚུལ།
དེ་ལས་རིམ་པ་བཞིན་དུ་ བོད་ལྷ་ལུང་ལུ་བྱོན་ཏེ་ མེས་པོ་པདྨ་གླིང་པའི་གསུང་སྤྲུལ་བདུན་པ་ ངག་དབང་ཆོས་ཀྱི་བློ་གྲོས་ཞབས་ལས་ བླ་རྫོགས་ཐུགས་གསུམ་སོགས་ སྨིན་གྲོལ་གདམས་པའི་གསང་མཛོད་མ་ལུས་པར་ གསན་བསམ་མཛད།
འགྲོ་དོན་འཕྲིན་ལས།
སླར་ལོག་འབྲུག་ལུ་བྱོན་པའི་སྐབས་ སྔོན་ཀྲོང་གསར་དཔོན་སློབ་ མི་འགྱུར་བརྟན་པ་གིས་ ཀུ་རི་སྟོད་སྨད་ཚུ་ཡང་ ཀྲོང་གསར་པའི་མངའ་འོག་ལུ་བཙུགས་ཏེ་ གླེང་གླེང་ཟེར་བའི་ས་ཁར་ རྫོང་གསར་བཞེངས་ཏེ་ མཚན་ཡང་ལྷུན་གྲུབ་རྩེའི་རྫོང་ཟེར་ བཏགས་ཡོད་མི་དེ་ནང་ སྐབས་ཅིག་ལྷུན་རྫོང་པའི་དབུ་བླ་མཛད་དེ་བཞུགས་སྐབས་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་བྱིན་གྱིསབརླབས་པའི་ གནས་མཆོག་རིན་ཆེན་བུམ་པར་ སྙིང་པོའི་སྒྲུབ་པ་ལུ་ ལོ་ལྔའི་རིང་བཞུགསཔ་དང་ ཡ་མཚན་ཆེ་བའི་གྲུབ་རྟགས་ཚུ་བྱུང་། དུང་དཀར་ཚེས་བཅུའི་སྲོལ་གཏོད་དེ་ པད་གླིང་གིང་གསུམ་དང་ པད་གླིང་གཏེར་འཆམ་གྱིས་གཙོས་ ཀརྨ་གླིང་པའི་གཏེར་འཆམ་ རཀྵ་དམང་འཆམ་ཀྱི་སྲོལ་བཙུགས་གནང་ནུག། རཀྵ་གླང་མོའི་ཞལ་འབགཔ་ པད་གླིང་གཏེར་མ་དེ་ མཁོ་ཆུ་ལས་གདན་དྲངས་ཏེ་ དུང་དཀར་པའི་རྟེན་སྦེ་བཞག་གནངམ་ལས་ འཆམ་དཔོན་ཡང་ དུང་དཀར་ཆོས་རྗེ་གིས་ གནང་སྲོལ་ད་ལྟོའི་བར་ནང་ཡང་ ཡོད་པར་གྲགས། དེ་བཟུམ་སྦེ་ སྤྲུལ་སྐུ་བསྟན་པའི་ཉི་མ་མཆོག་གིས་ ཀུར་སྟོད་མདོ་བཞི། གཞོང་སྒར་ཆ་འདུས། ཁེང་རིགས་རྣམ་གསུམ་ཚུ་ལས་ པད་གླིང་བསྟན་པའི་གཏེར་ཁ་གེ་ར་ བདག་གིར་བཞེས་ཏེ་ དད་ལྡན་ཕོ་མོ་ཡོངས་ལུ་ མཇལ་ཁ་དང་དབང་ལུང་དམ་རྫས་ཚུ་ རིམ་པར་སྤེལ་ཏེ་ འཕྲིན་ལས་ཀྱི་མཛད་སྒོ་བརྒྱ་ཕྲག་ དུས་གཅིག་ལུ་དབྱེ་བའི་མཛད་པ་མཐའ་ཡས་ཤིང་། དཔལ་སྒངསྟེང་གི་གདན་ས་ལུ་ཡང་ ལོ་བསྟར་གྱི་དུས་མཆོད་ཚེས་བཅུའི་ཆོ་ག་དང་འབྲེལ་བའི་ གར་འཆམ་གྱི་རིགས་དང་ ལྷག་པར་གསོན་གཤིན་གྱི་འགྲོ་དོན་ཚུ་ ལྷོད་མེད་དུ་བརྩེ་བས་རྗེས་སུ་བཟུང་ཞིང་བསྐྱངས་པ་སོགས་ འགྲོ་བའིམགོན་དཔུང་དམ་པར་གྱུར།
དགོངས་པ་རྫོགས་ཚུལ།
དེ་ལྟར་བསྟན་འགྲོའི་འཕྲིན་ལས་མཐར་ཕྱིན་པའི་རྗེས་སུ་ སྤྱི་ལོ་༡༨༧༤ ལུ་ སྔོན་པར་དགའ་བའི་ཞིང་ལུ་ ཞི་བར་གཤེགས་པའི་ཚུལ་བསྟན་ནུག། གང་ཐུགས་སྤྲོས་བྲལ་དག་པའི་ལྷ་ལམ་དུ། ། བཟོད་མེད་རྩེ་ཆེན་ཆུ་འཛིན་འཁྲིགས་པ་ལས། །འགྲོ་བའི་རྒྱུད་རྣམས་གཅིག་ཅར་སྨིན་མཛད་པ། །དྲིན་ཅན་ཁྱེད་སྐུ་འཛམ་གླིང་རྒྱན་ཅིག་གྱུར། །

ང་བཅས་ལུ་རྒྱབ་སྐྱོར།