sdsafsa
རྫོངཁ།
English


སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་གསུམ་པ་ ཀུན་བཟང་འཕྲིན་ལས་རྣམ་རྒྱལ། ༼༡༧༢༧-༡༩༥༨༽

སྐུ་འཁྲུངས་ཚུལ།
བླ་མ་བསྟན་འཛིན་ལེགས་པའི་དོན་གྲུབ་ཀྱི་རྣམ་སྤྲུལ་ སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་གསུམ་པ་ ཀུན་བཟང་འཕྲིན་ལས་རྣམ་རྒྱལ་མཆོག་ནི་ སྤུངས་ཐང་ཆ་འོག་སེའུ་ལར་ ཡུམ་མཁའ་འགྲོའི་མཚན་ལྡན་ བསོད་ནམས་བུ་ཁྲིད་ཀྱི་སྲས་ལུ་ སྤྱི་ལོ་༡༩༢༧ དང་ རབ་བྱུང་༡༢ པའི་མེ་རྟ་ལོར་ ངོ་མཚར་བའི་ལྟས་དུམ་དང་བཅས་སྐུ་འཁྲུངས་ནུག།
སྤྲུལ་སྐུ་ངོསའཛིན་བྱུང་ཚུལ།
བྱེ་བྲག་ནུབ་ཀྱི་སའི་ཆ་ན། །བསམ་སྐྱིད་ལུས་ཀྱི་སྒྲོམ་བུ་ན། ། ཟེར་བ་སོགས་གཡུས་དང་མ་ཡུམ་གྱི་མཚན་དང་བཅས་པའི་ ལུང་གིས་ཟིན་པ་མ་ཚད་ ཆུང་ཀུའི་བསྒང་ལས་ སྐུའི་རྣམ་འགྱུར་ཚུ་ སྐུ་གོང་མ་འདྲ་ཞིང་ སྔོན་གནས་རྗེས་དྲན་གྱི་ལོ་རྒྱུས་ཚུ་གེ་ར་ ཞིབ་མོར་གསུངསམ་ལས་ དཔལ་རྒྱལ་བ་ཀརྨ་པ་ཡབ་སྲས་དང་ པད་གླིང་ལྔ་པ་བསྟན་འཛིན་གྲུབ་མཆོག་རྡོ་རྗེ། རྗེ་ཐུགས་སྲས་ལྔ་པ་ཚུ་གིས་ སྒང་སྟེང་སྤྲུལ་པའི་སྐུར་ ངོས་འཛིན་འཁྲུལ་མེད་གནང་སྟེ་ གདན་ས་སྒང་སྟེང་ལུ་གདན་འདྲེན་ཞུ་ནུག།
སྐུ་ཡོན་བཞེས་ཚུལ།
དེ་ལས་སྤུངས་ཐང་བདེ་བ་ཆེན་མོའི་ཕོ་བྲང་ལུ་ སྡེ་པ་རིན་པོ་ཆེའི་ཞལ་མཇལ་དང་འབྲེལ་ ཟབ་ཆོས་ཚུ་གསན་པ་མཛད་དེ་ ཐུགས་ཀྱི་འབྲེལ་བ་ཞིབ་པར་མཛད་ཞིནམ་ལས་ སྤྲུལ་སྐུ་མཆོག་ བོད་ལྷ་ལུང་ཕྱོགས་ལུ་སྤྱན་དྲངས་ཏེ་ རྩིས་དཀར་ནག་དང་། གཞན་ཡང་རང་ལུགས་ཀྱི་ གར་ཐིག་དབྱངས་གསུམ་ཚུ་ མཐར་ཕྱིན་པར་སྦྱང་བརྩོན་མཛད། བྱམས་པ་དང་སྙིང་རྗེ་ ལྷན་སྐྱེས་སུ་མངའ་ཞིང་ ཤེས་བྱ་རིག་པའི་གནས་ལུ་ ཐོགས་པ་མེད་པའི་དཔལ་ཡོན་རྒྱས་ནུག། དེ་ལས་སླར་ལོག་སྟེ་ སྒང་སྟེང་གསང་སྔགས་ཆོས་གླིང་གི་གདན་ས་ཆེན་མོར་ ནག་པ་ཟླ་བའི་ཚེས་༧ ལུ་ གཟའ་དཀར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་མར་ སྤྲུལ་སྐུ་པདྨ་ཀུན་བཟང་འཕྲིན་ལས་མཆོག་ སྐུ་གོང་མའི་ཁྲི་ལུ་མངའ་གསོལ་བའི་ དགའ་སྟོན་རྒྱས་པར་མཛད་པའི་རྗེས་སུ་ ཐུགས་སྲས་འགྱུར་མེད་མཆོག་གྲུབ་དཔལ་འབར་བཟང་པོ་དང་ དགེ་སློང་འགྱུརམེད་དཔལ་བཟང་། དུས་བསྒོ་བ་གསུང་སྤྲུལ་རིན་པོ་ཆེ་སོགས་ དགེ་འདུན་ལྔ་ཚོགས་ཀྱི་དབུས་སུ་ གཏེར་བདག་གླིང་པའི་གཏེར་ཆོས་ཚུ་གི་དབང་ལུང་ཡོངས་རྫོགས་ཕུལ་བའི་ཁར་ ཚིགས་གསུམ་བར་མ་ཆད་དུ་བསྙེན་པར་རྫོགས་པའི་དགེ་སློང་དངོས་པོར་བསྒྲུབས་པར་མཛད་དེ་ པདྨ་ཀུན་བཟང་འཕྲིན་ལས་རྣམ་པར་རྒྱལ་བའི་སྡེ་ ཟེར་བའི་མཚན་གྱི་ཅོད་པན་གསོལ་ནུག། སྐུ་ན་ཆུང་ཀུའི་བསྒང་ལས་ ཀློག་སྦྱང་སོགས་ཀྱི་ཤེས་བྱ་རིག་པའི་གནས་ལུ་ འགྲན་ཟླ་དང་བྲལ་བ་ལས་ རྗེ་མཁན་ཁྲི་རབས་ བཅུ་པ་ བསྟན་འཛིན་ཆོས་རྒྱལ་མཆོག་གིས་ཡང་ སྤྱི་ཏོག་ཁར་ཕུན་ཚོགས་རབ་བརྟན་གླིང་ལུ་ སྤྲུལ་སྐུའི་ཞབས་སར་བཅར་ཏེ་ རྒྱལ་བའི་བཀའ་འགྱུར་དང་ རྙིང་མའི་རྒྱུད་འབུམ་ གཞན་ཡང་བླ་མ་ནོར་བུ་རྒྱ་མཚོ་དང་ ཚེ་ཁྲིད་རྡོ་རྗེ་ཕྲེང་བ་སོགས་ ཟབ་ཆོས་ཀྱི་དབང་ལུང་ཚུ་ གསན་པར་མཛད་ཡོདཔ་དང་ དེ་ཁར་གསན་མ་ཚར་མི་ཚུ་ ཤུལ་ལས་སྒང་སྟེང་ལུ་བྱོན་ཏེ་ བུམ་པ་གང་བྱོའི་ཚུལ་ལུ་ བཞེས་གནུང་ནུག།
སྐུ་ཞི་བར་གཤེགས་ཚུལ།
གདུལ་བྱ་སློབ་མའི་ཚོགས་ལུ་ ཟབ་རྒྱས་ཆོས་ཀྱི་འཁོར་ལོ་ རྒྱུན་མི་ཆད་པར་གསུངས་ཤིང་ རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་ འཕྲིན་ལས་རྨད་དུ་བྱུང་བ་ མཛད་བཞིན་པའི་བར་ན་ གདུལ་བྱའི་བསོད་ནམས་རྣམས་ཀྱིས་མ་ཐེག་པར་ རབ་བྱུང་༡༣ པའི་ས་སྟག་ལོའམ་ སྤྱི་ལོ་༡༧༥༨ ལུ་ དགུང་ལོ་༣༢ ཀྱི་ཐོགལུ་ སྒྲ་དང་ས་གཡོས་ལ་སོགས་པ་ ངོ་མཚར་བའི་རྟགས་དང་བཅས་ དགོངས་པ་ཆོས་དབྱིངས་སུ་བསྡུ་ཚུལ་བསྟན་པའོ། །

ང་བཅས་ལུ་རྒྱབ་སྐྱོར།