sdsafsa
རྫོངཁ།
English


སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་གཉིསཔ་ བསྟན་འཛིན་ལེགས་པའི་དོན་གྲུབ། ༼༡༦༤༥-༡༧༢༧༽

སྐུ་འཁྲུངས་ཚུལ།
སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་གཉིསཔ་ བསྟན་འཛིན་ལེགས་པའི་དོན་གྲུབ་མཆོག་ ཡབ་མང་སྡེ་བོན་སྦིས་ཆོས་རྗེ་ སྨྱོས་རབས་༢༩ པ་ འཕྲིན་ལས་དབང་ཆེན་དང་ ཡུམ་ཡེ་ཤེས་མཁའ་འགྲོ་མའི་མཚན་ལྡན་ ཝ་ཅན་ངར་པའི་ཞལ་ངོ་ ཕ་ཇོ་འབྲུག་སྒོམ་ཞིག་པོའི་གདུང་རིགས་ལས་བྱོན་མི་ བུ་ཁྲིད་ལྷ་མོ་གཉིས་ཀྱི་སྲས་ལུ་ སྤྱི་ལོ་༡༦༤༥ དང་ རབ་བྱུང་༡༡ པའི་ཤིང་བྱ་ལོ་འགོ་ ཟླཝ་༡༡ པའི་ཚེས་༨ ཀྱི་དྲོ་པ་ ཉི་མའི་རྩེ་དང་སྦྲགས་ཏེ་ ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་ སྐུ་འཁྲུངས་ནུག། གསུང་བྱོན་ཤེས་ཙམ་ལས་ སྐུ་གོང་མའི་བག་ཆགས་སད་སྟོབས་ཀྱིས་ ཁོ་རའི་གདན་ས་དང་ཆིབས་རྟ། གྲྭ་བཙུན་ཚུ་མང་ཤོས་ཀྱི་མིང་གསུངས་པའི་ཁར་ ངོ་ཡང་མཁྱེནམ་ལས་ ཀུན་གྱིས་དད་པ་དང་ ཡིད་ཆེས་ཀྱི་གནས་ལུ་གྱུར། རྗེ་བླ་མ་ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ་གིས་ པདྨ་འཕྲིན་ལས་ཀྱི་ཡང་སྲིད་འཁྲུལ་མེད་ཨིནམ་མཁྱེན་ཏེ་ དཔལ་སྒང་སྟེང་གསང་སྔགས་ཆོས་གླིང་གི་གདན་སར་སྤྱན་དྲངས་ཏེ་ མངའ་གསོལ་རྒྱས་པར་མཛད་ནུག།
སྐུ་ཡོན་བཞེས་ཚུལ་དང་བསྙེན་སྒྱུབ་གནང་ཚུལ།
དེ་ལས་མཁས་ཤིང་གྲུབ་པའི་དབང་པོ་དུ་མ་བསྟེན་ཏེ་ གཞུང་དང་རིག་གནས་ རྩིས་དཀར་ནག་ལ་སོགས་པར་ ཐོས་བསམ་གྱི་སྒྲོ་འདོགས་བཅད་དེ་ མཁས་པའི་ཡང་རྩེར་སོན་ཅིང་། ཁྱད་པར་ཐུགས་སྲས་བཞི་པ་བསྟན་འཛིན་འགྱུར་མེད་རྡོ་རྗེ་རིན་པོ་ཆེ་མཆོག་ལས་ གཏེར་ཁ་གོང་འོག་གསུམ་གྱི་དབང་ཁྲིད་མན་ངག་ཡོངས་རྫོགས་ བུམ་པ་གང་བྱོའི་ཚུལ་དུ་གསན། དེ་ལས་ཡུན་མི་རིང་བར། ཇི་སྐད་དུ། ཡོན་ཏན་རྒྱུ་ཚོགས་གྲངས་ཚང་ཡང། །སྒོམ་པའི་ཆུ་ཡིས་མ་སྦྲན་ན། །སེམས་ཀྱི་ནོར་འཛིན་མ་འདི་ལས། །བྱང་ཆུབ་མྱུག་གུ་འཁྲུངས་མ་ཡིན། །ཟེར་གསུངས་དོ་བཟུམ་ སྒྲུབ་པ་གནང་ནིའི་ཐུགས་ཐག་བཅད་དེ་ དང་པ་བླ་མ་ནོར་བུ་རྒྱ་མཚོའི་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ། ཕྱག་རྡོར། ཕྱུར་པ། བླ་མ་དྲག་པོ་བྱང་གཏེར་ཀརྨ་གུ་རུ་ རྫོགས་ཆེན་ཀུན་བཟང་དགོངས་འདུས་ཀྱི་འཁྲུལ་འཁོར་རླུང་བུམ་ཅན་སོགས་ ཡི་དམ་མང་པོའི་བསྙེན་སྒྲུབ་མཐར་ཕྱིན་པས་ རྟགས་དང་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པའི་ཁར་ ཡི་དམ་ལྷའི་ཞལ་ དངོས་སུ་གཟིགས་པ་དང་ ལུག་བསྟན་གསུང་བྱོན་སོགས་ སྒྲུབ་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པར་བྱུང་། རྗེ་རང་གི་ཐུགས་དགོངས་ལུ་ འཕྲོ་མཐུད་དེ་རང་སྐུ་མཚམས་ནང་ བཞུགས་འདོད་ཡོད་རུང་ བོད་དམག་ཐོནམ་དང་ཁ་ཐུག་རྐྱབ་སྟེ་ གཞུང་གི་བཀའ་དགོངས་ལྟར་དུ་ དབང་འདུས་ཕོ་བྲང་དང་ སྤུངས་ཐང་ཁར་བྱོན་ཏེ་ བཀའ་བརྒྱད་ཀྱི་གཏོར་བཟློག་དང་ གཤིན་རྗེ་དྲེགས་འཇོམས་ཀྱི་མནན་བསྲེག་འཕངས་གསུམ་ མདུན་བཤིག་དམག་བཟློག་སོགས་རྒྱས་པར་མཛད། ཁྱད་པར་དུ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ བཀའ་བརྒྱད་ཀྱི་གཏོར་བཟློག་གནང་བའི་སྐབས་ གཏོརམ་ལས་མེ་འབར་ཏེ་ དར་ཆེན་གྱི་རྩེ་མོར་སོན་ནས་ མེ་ཟིལ་ཕྲེང་བ་དང་བཅས་ དགྲའི་ཕྱོགས་ལུ་སོང་བ་ཀུན་གྱིས་མཐོང་བ་མ་ཚད་ བོད་དམག་ཡང་ དེ་འཕྲལ་ལས་བཟློག་ཡོདཔ་ལས་ སྡེ་པ་ཡང་ཤིན་ཏུ་ཐུགས་དགྱེསཔ་ལས་བརྟེན་ཏེ་ དགུན་གྱི་བཞུགས་གནས་སྦེ་ སྤྱི་ཏོག་ཁ་དང་ ལེ་ཁ་སྦྱིས་གཞིས་གནས་ལ་སོགས་པའི་ རྒྱུ་ནོར་ལོངས་སྤྱོད་ལེ་ཤ་ཅིག་གནང་ཡོདཔ་ཨིན་མས།
བསྟན་འགྲོའི་མཛད་འཕྲིན།
དེ་ལས་དགུང་ལོ་༣༨ བཞེསཔ་དང་ ཤར་སྤྱི་ཏོག་ཕུན་ཚོགས་རབ་བརྟན་གླིང་གི་ རྨངགཞི་བཙུགས་ཏེ་ ལོ་གསུམ་གྱི་ནང་འཁོད་ གཙུག་ལག་ཁང་ཕྱི་ནང་ རྟེན་དང་བཅས་པར་ཡོངས་སུ་བསྒྲུབས་པ་དང་ རྨང་གཞི་རྡོ་ལུ་ཞབས་རྗེས་བཞག་གནང་མི་དེ་ ད་ལྟོའི་བར་ན་ཡང་ དད་པའི་རྟེན་ལུ་བཞུགས་ཡོདཔ་དང་ ནང་རྟེན་ཡང་ གུ་རུ་མཚན་རྟགས་དང་། གནས་བརྟན་བཅུ་དྲུག། རྒྱ་གར་གྱི་རིག་འཛིན་བརྒྱད་ཀྱི་ལྡེབས་རིས་དང་ འཕགས་པ་བཅུ་གཅིག་ཞལ་གྱི་སྐུ་འདྲ་ལ་སོགས་པ་ མང་རབས་ཅིག་བཞེངས་ཡོད་རུང་ ཤུལ་ལས་ཤིང་རྟ་ལོ་ལུ་ ས་གཡོམ་སྦོམ་ཅིག་གིས་མེདཔ་བཏངམ་ལས་ དགུང་ལོ་༨༢ བཞེསཔ་ད་ ད་རུང་ཉམས་གསོ་ཞུ་དགོཔ་བྱུང་ནུག། ཤུལ་ལུས་ རྗེ་རང་ཉིད་དགུང་ལོ་ང་དགུ་བཞེས་སྐབས་ གསང་སྟེང་གསང་སྔགས་ཆོས་གླིང་གཙུག་ལག་ཁང་དེའི་བཀོད་པ་ སྔར་ལས་མཛེས་ཤིང་ཡངས་པ་ འཇིག་རྟེན་ན་ཐམས་ཅད་ཀྱི་དཔེ་བཏུབ་པའི་བཟོ་བཀོད་ཅནབཟོ་ཐབས་ལུ་ སྔར་གྱི་བཟོ་བཀོད་ཕལ་ཆེར་བཤིག་སྟེ་ རྨང་གཞི་བཏིང་བར་མཛད་པ་ནས་བཟུང་། ལཱ་དཔོན་ཤཱཀྱ་དང་བཟོ་དཔོན་དགེ་སློང་རྒྱ་མཚོ་ཚུ་གིས་གཙོས་ དད་ལྡན་སྐྱེ་བོ་ཀུན་གྱིས་ ལྷག་བསམ་ལྷོད་མེད་ཀྱི་སྒོ་ལས་ཞབས་ཏོག་ཞུ་བ་དང་ མི་དང་མ་ཡིན་པ་ ཆོས་སྐྱོང་དང་གནས་བདག་ཚུ་གིས་ དཔུང་གྲོགས་མཛད་པ་ལས་ ལོ་ངོ་བཞིའི་བར་ན་ གཙུག་ལག་ཁང་རྟེན་དང་བཅས་པར་བསྒྲུབས་ཏེ་ བསམ་ཡས་མི་འགྱུར་ལྷུན་གྲུབ་གཙུག་ལག་ཁང་གི་རབ་གནས་མཛད་པ་བཞིན་དུ་ དུས་སྟོན་རྒྱས་པར་མཛད་ནུག། སྤྲུལ་སྐུ་མཆོག་གིས་ བླ་མ་དང་ ཡི་དམ་མཁའ་འགྲོ་ མང་རབས་ཅིག་གི་ཞལ་གཟིགས་པའི་ཁར་ ལུང་བསྟན་ཡང་མང་རབས་ཅིག་བྱུང་བ་མ་ཚད་ སྐུ་ཚེའི་རིང་ལུ་ དུས་སྐབས་དང་ས་གནས་སོ་སོ་ལུ་ སྒྲུབ་རྟགས་ཡང་ མང་རབསཅིག་སྟོན་གནང་ནུག། རྗེ་ཉིད་ཀྱི་སློབ་མའི་གྲས་ལས་ དཔལ་ལྡན་འབྲུག་པའི་གདུང་བརྒྱུད་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་དང་ དཔོན་སློབ་སྦྱིན་རྒྱལ་སྐུ་མཆེད་ཀྱིས་ རྗེ་ཉིད་ལས་བླ་མ་དྲག་པོ་དམར་ཆེན་དང་ ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་དབང་ལུང་ཚུ་གསན་ཡོདཔ་དང་ ཡོངས་གྲགས་ཅན་གྱི་སློབ་མའི་གྲངསསུ་ མཁན་ཆེན་པད་དཀར་ལྷུན་གྲུབ་དང་ རྐོ་མ་ཕྲང་གི་ཆོས་རྗེ་ཡེ་ཤེས་དངོས་གྲུབ། གནས་ཕུ་སྤྲུལ་སྐུ་གསང་སྔགས་རྒྱལ་མཚན་ལ་སོགས་པ་ སྨན་ལྗོངས་སྦས་ཡུལ་འདིའི་ སྐྱེ་བོ་མཆོག་དམན་ཡོངས་ཀྱིས་ ཞབས་ལུ་གཏུགས་ཏེ་ ཟབ་རྒྱས་ཀྱི་ཆོས་ཀྱི་བདུད་རྩིའི་རྒྱུན་གྱིས་ ཡིད་ཚིམས་པར་བྱས། དེ་ལས་ཉིནམ་གཅིག་གི་ཚེ་ དབུ་མཛད་དང་གཟིམ་དཔོན་ཚུ་ལུ་ ད་ང་ནི་ དུས་ཡུན་རིང་ཐུང་ ག་དེམ་ཅིག་སྡོད་འོང་ག་མི་ཤེས་པས། དཔལ་ལྡན་འབྲུག་པ་རིན་པོ་ཆེ་བསྟན་འཛིན་རབ་རྒྱས་ཀྱི་སྤྲུལ་པའི་སྐུ་ རྗེ་བཙུན་མི་ཕམ་དབང་པོ་ཁོང་དང་ པད་གླིང་ཡབ་སྲས་ལུ་ ཁྱད་པར་མེདཔ་ལས་ རྒྱལ་སྲས་མཆོག་གདན་འདྲེན་ཞུ་གནང་ཟེར་ གསུངསམ་བཞིན་དུ་ ཁོང་གིས་རྒྱལ་སྲས་ལུ་སྙན་སྒྲོན་ཞུཝ་དང་ ཐུགས་དགྱེས་པའི་རྣམ་འགྱུར་དང་བཅས་ ཞལ་གྱིས་བཞེསཔ་ལས་ བསུ་བ་གསེར་སྦྲེང་གི་སྒོ་ལས་གདན་དྲངས་ནུག།
སྐུ་ཞི་བར་གཤེགས་ཚུལ།
དེལས་ཡུན་མི་རིང་བར་ རྒྱལ་སྲས་མི་ཕམ་དབང་པོ་མཆོག་ རྗེ་རང་གི་སྐུ་ཚབ་སྦེ་བསྐོས་གནང་ཞིནམ་ལས་ གཙུག་ལག་ཁང་གི་རྟེན་གསར་བཞེངས་དང་ རྒྱལ་སྲས་ལུ་པད་གླིང་ཆོས་སྐོར་ཡོངས་རྫོགས་དང་ ཟབ་ཆོས་མང་པོའི་གནད་དང་ རྫོགས་པ་ཆེན་པོའི་ཉམས་ལེན་བཤད་སྲོལ། མདོར་ན་པད་གླིང་བླ་རྫོགས་ཐུགས་གསུམ་གྱི་ཆོས་སྐོར་ཡོངས་རྫོགས་གནངསྟེ་ ཕྱག་མཛོད་དང་གཙུག་ལག་ཁང་ ཕྱི་ནང་བར་གསུམ་རིམ་པར་ རྩིས་ཕུལ་གྲུབ་པའི་མཐར་ དགུང་ལོ་་༨༢ བཞེསཔ་དང་ སྤྱི་ལོ་༡༧༢༧ དང་ རབ་བྱུང་༡༢ པ་ ལྷ་བབས་ཟླ་བའི་དུས་ཆེན་ཚེས་བཅོ་ལྔའི་ནམ་དགུང་ལུ་ གཟུགས་སྐུའི་བཀོད་པ་ཞི་བའི་དབྱིངས་སུ་ མྱ་ངན་ལས་འདས་པའི་ཚུལ་བསྟན་གནང་ནུག། །
སྐུ་གདུང་།
རྗེ་བླ་མ་ཐུགས་སྲས་རིན་པོ་ཆེ་གིས་ བོད་ལས་བཀའ་ཤོག་གནང་མི་དང་འཁྲིལ་ཏེ་ རྒྱལ་བའི་སྐུ་གདུང་རིན་པོ་ཆེ་ ཟ་མ་ཏོག་ནང་བཙུགས་ཏེ་ ལོ་དག་པ་ཅིག་གི་རིང་ མཆོད་པའི་རྟེན་སྦེ་ བཞག་གནང་ནུག། དེགི་ཤུལ་ལས་ ཐུགས་སྲས་ལྔ་པ་རང་ཉིད་ གདན་སའདི་ཁར་བྱོན་ཏེ་ སྐུ་སྤུར་ཡིད་བཞིན་ནོར་བུ་ མེ་མཆོད་ཕུལ་ཞིནམ་ལས་ ཐང་གི་སྦུག་ན་ཐོག་ཚད་ལས་སྦོམ་པའི་ མཆོད་སྡོང་ཆེན་མོ་ཅིག་བཞེངས་ཏེ་ ལྷ་མི་ཀུན་གྱི་དད་པའི་རྟེན་ལུ་ ད་ལྟོ་ཡང་མཇལ་ས་ཡོད་མི་འདི་ཨིན་ནོ། །

ང་བཅས་ལུ་རྒྱབ་སྐྱོར།