sdsafsa
རྫོངཁ།
English


གཏེར་ཆེན་པདྨ་གླིང་པ་ ༼༡༤༥༠-༡༥༢༡༽ དང་ པད་གླིང་ཆོས་རྒྱུན་སྐོར།

སྐུ་འཁྲུངས་ཚུལ།
དེ་ཡང་ ཐང་ཡིག་ལསཿ འགོས་ཀྱི་ཕག་རིང་གནས་གཞི་རྫོང་ལ་འབེབས། །ལ་སྟོད་སྟག་གུར་དུག་གི་ཚོང་འདུས་བྱུང་། །མེ་འབར་མཚོ་ལ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་བྱུང་། །ཨོ་རྒྱན་པད་མ་གླིང་པ་ཞེས་བྱ་བྱུང་། ། ཟེར་བའི་ལུང་བསྟན་དང་ལྟར་དུ་ གཏེར་སྟོན་ཆེན་པོ་པདྨ་གླིང་པ་མཆོག་ནི་ བུམ་ཐང་ལུ་ སྨྱོས་ཀྱི་རིགས་ལས་ ཡབ་དོན་གྲུབ་བཟང་པོ་དང་ ཡུམ་མཁའ་འགྲོའི་མཚན་ཅན་ པདྨ་སྒྲོན་མ་གཉིས་ཀྱིས་སྲས་ལུ་ རབ་བྱུང་བརྒྱད་པའི་ ལྕགས་ཕོ་རྟ་ལོའམ་ སྤྱི་ལོ་༡༤༥༠ ལུ་ ངོ་མཚར་བའི་ལྟས་དུ་མ་དང་བཅས་ སྐུ་འཁྲུངས་ནུག།
སྐུ་ཡོན་བཞེས་ཚུལ།
གུ་རུ་རིན་པོ་ཆེའི་རྣམ་སྤྲུལ་དང་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་སྐུ་སྐྱེ་ཨིནམ་ལས་ སྐུ་ན་ཕྲ་བའི་བསྒང་ལས་ གཞན་དང་མ་འདྲ་བའི་ཁྱད་རྣམ་ལྡན་པས་ དཀའ་ཐུབ་ཆེན་པོས་སྦྱང་བརྩོན་མཛད་མ་དགོ་པར་ སློབ་ཚུལ་ཙམ་གྱིས་ཡིག་རིགས་དང་བཟོ་རིགས་ཀུན་ལ་མཁས་ཤིང་སྒྲུབ་པའི་སྐྱེ་ཆེན་དམ་པ་གྱུར། ལྷག་པར་དུ་ སྤྲེལ་ལོ་ཟླ་བའི་ཚེས་༡༠ གྱི་ཉིན་མར་ མ་ཎི་དགོན་པར་བཞུགས་པའི་སྐབས་ ཨོ་རྒྱན་རིན་པོ་ཆེ་གིས་ ཞལ་དངོས་སུ་བསྟན་ཏེ་ བྱིན་གྱིས་བརླབས་ཤིང་ འབྲུག་བོད་གཉིས་ཀྱི་བྲག་རི་ཚུ་ནང་སྦ་སྟེ་ཡོད་པའི་ གཏེར་ཁ་བརྒྱ་དང་རྩ་བརྒྱད་ཀྱི་ ཁ་བྱང་ཕྱག་ལུ་བཞེས་ནུག།
ཟབ་གཏེར་བཞེས་ཚུལ།
དགུང་ལོ་༢༧ ལུ་ ཟབ་གཏེར་ཀུན་གྱི་དང་པོར་ སྣ་རིང་བྲག་ལས་ ཀློང་གསལ་གྱི་སྐོར་རྣམས་བཞེས། སྣ་རིང་བྲག་གི་ཉེ་འདབས་ སྟང་མེ་འབར་མཚོ་ལས་ མི་མང་ཚོགས་པའི་སྦུག་ན་ སྒྲོན་མེ་ཅིག་ཕྱག་ལུ་བསྣམས་ཏེ་ ཆུའི་གཏིང་ལུ་མཆོངས་ཏེ་ཐོགས་པ་མེད་པར་བྱོན་ཞིནམ་ལས་ ཕྱག་གི་སྒྲོན་མེ་མ་ཤི་བར་ གཏེར་སྒྲོམ་རྫམ་དང་འདྲཝ་ཅིག་ མཆན་ལོགས་འོག་ལུ་བསྣམས་ཏེ་ སླར་ལོག་བྱོན་ཡོདཔ་ལས་ དེ་ཁར་འཛོམས་མི་ཐམས་ཅད་ཀྱིས་ ངོ་མཚར་ཆེ་ཞིང ཡིད་ཆེས་ཀྱི་དད་པ་བླ་ན་མེདཔ་བསྐྱེད་དེ་ གཏེར་སྟོན་ཆེན་པོའི་སྙན་གྲགས་ ཕྱོགས་དང་ཕྱོགས་སུ་ཁྱབ་ནུག། དེ་ལས་བསམ་ཡས་མཆིམས་ཕུ་ལས་ རྫོགས་ཆེན་ཀུན་བཟང་དགོངས་འདུས་དང། གཞན་ཡང་སྦས་གནས་ཁག་སོ་སོ་ལས་ རྫོགས་ཆེན་གཉིས་མེད་ཀྱི་རྒྱུད་བུ་ཆུང་གི་སྐོར་དང་། བླ་མ་ནོར་བུ་རྒྱ་མཚོ། ཐུགས་རྗེ་ཆེན་མོ་མུན་སེལ་སྒྲོལ་མེ། བཀའ་བརྒྱད་ཐུགས་ཀྱི་མེ་ལོང་། ཕུར་པ་ཡང་གསང་སྲོག་གི་སྤུ་གྲི། བདུད་རྩི་སྨན་སྒྲུབ་ཀྱི་སྐོར་རམ་ བཀའ་ཕུར་སྨན་གསུམ། ཕྱག་རྡོར་དྲེགས་འདུལ་དང་གཏུམ་ཆུང་། དྲག་པོ་ཆེ་འབྲིང་ཆུང་གསུམ། ཚེ་ཁྲིད་རྡོ་རྗེ་ཕྲེང་བ། ཚེ་སྒྲུབ་ནོར་བུ་ལམ་ཁྱེར། ནག་པོ་སྐོར་གསུམ། དེ་བཟུམ་སྦེ་ མྱང་གྲོལ་སྐྱེ་བདུན་དང་ སྐུ་ཚབ་པདྨ་གུ་རུ་ལ་སོགས་པའི་ དམ་རྫས་རྟེན་གསུམ་གྱི་རིགས་ཡང་ བསམ་གྱིས་མི་ཁྱབ་པའི་ཟབ་གཏེར་བཞེས་ནུག། ཁྱད་པར་དུ་ སྔོན་སྤ་གྲོ་སྐྱེར་ཆུ་ལྷ་ཁང་དེ་ཉིད་ མངོན་གསལ་དུ་མི་སྣང་བས་ གཏེན་ཆེན་གྱིས ས་རྡོ་ཚུ་བསལ་ཏེ་ ཀུན་གྱིས་མཇལ་ས་ཡོདཔ་བཟོ་གནང་ནུག། གཏེར་གྱི་ཁ་བྱང་བརྒྱ་དང་རྩ་བརྒྱད་ཡོད་པའི་གྲས་ལས་ སེམས་ཅན་གྱི་བསོད་ནམས་ཀྱི་བགོ་སྐལ་དང་བསྟུན་ གཏེརཁ་་༣༢ བཞེས་ཏེ་ འགྲོ་བའི་དོན་ལུ་སྤེལ་གནང་ནུག།
འགྲོ་དོན་འཕྲིན་ལས་མཛད་ཚུལ།
དེ་ཡང་ གཏེར་ལུང་ལས། ལས་ཀྱིས་འབྲེལ་བ་ཁྲི་ཕྲག་གཅིག །ཟབ་མོའི་གནད་ཀྱི་འབྲེལ་བ་བཅུ་གཅིག ། སྨོན་ལམ་འབྲེལ་བ་སྟོང་རྩ་གཉིས། །དཀྱིལ་འཁོར་འཛིན་པ་བུ་བདུན། །ཐུགས་ཀྱི་ཉིང་སྲས་གསུམ་བྱུང་། ། ཟེར་གསུངས་པ་ལྟར་དུ་ གདུལ་བྱའི་སློབ་མའི་ཚོགས་ཡང་ བསམ་གྱིས་མི་ཁྱབ་པར་བྱོན་ཡོད་མི་ཚུ་ལུ་ བླ་རྫོགས་ཐུགས་གསུམ་ གཙོ་བོར་གྱུར་པའི་ མཁའ་འགྲོའི་ཁ་རླངས་མ་ཡལ་བའི་ དབང་ལུང་མན་ངག་གི་གདམས་པས་ རྒྱུད་སྨིན་ཅིངགྲོལ་བར་མཛད་གནང་བ་མ་ཚད་ གཞན་ཡང་ ཡ་མཚན་ཆེ་བའི་མཛད་པ་འཕྲིན་ལས་ བསམ་གྱིས་མི་ཁྱབ་པར་ བཀྲིན་བསྐྱངས་གནང་ནུག།
སྐུ་ཞི་བར་གཤེགས་ཚུལ།
དེ་ལྟར་འགྲོ་བའི་དོན་དུ་ འཕྲིན་ལས་རྒྱ་ཆེན་པོ་མཐར་ཕྱིན་པར་མཛད་པའི་མཐར་ སྤྱི་ལོ་༡༥༢༡ དང་ རང་ལུགས་གནམ་ལོ་ལྕགས་ཕོ་སྦྲུལ་གྱི་ ཧོར་ཟླ་དང་པའི་ཚེས་༣ གྱི་དྲོ་པ་ སྐུ་གཟུགས་ཕྲང་ཞིང་ ཞབས་རྡོ་རྗེ་དཀྱིལ་ཀྲུང་སྦེ་བཞུགས་ཏེ་ ཞལ་ལས་ཨ་ཨཱ་ལེ་ཤ་གསུངས་ཏེ་ ཕྱག་གཡས་པ་དེ་ ཐུགས་སྲས་ཟླ་བའི་ལག་པར་གནང་སྟེ་ དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་སྐབས་དེ་ལུ་ བདེ་ཆེན་ཆོས་གླིང་དང་ ཀུན་བཟང་བྲག་ཚུ་ལུ་ སྒྲ་ལྡིར་བ་དང་། གློག་འཁྱུག་པ། འཇའ་ཚོན་སྣ་ལྔ་ཤར་བ། དྲི་བཟང་འཐུལ་བ། མེ་ཏོག་གི་ཆར་འབབས་པ་ལ་སོགས་པ་ ངོ་མཚར་བའི་ལྟས་བཟང་པོ་སྣ་ཚོགས་ མི་རྣམས་ཀུན་གྱིས་མཇལ་ཡོདཔ་ཨིན་མས།
སྐུ་གདུང་ཆེན་མོ།
གཏེར་ཆེན་མཆོག་གི་སྐུ་གདུང་དེ་ སྒྲ་མ་ཉམས་འབྲུ་མ་ཉམས་པར་ ཆེ་ཆུང་ཁྲུ་གང་ཙམ་ཅིག་ལུ་གྱུར་ཏེ་ དེ་ཁ་ལས་བྱུང་བའི་དྲི་བཟང་གིས་ ཕྱོགས་དང་ཕྱོགས་སུ་ཁྱབ་པ་ལས་ སྐུ་གདུང་རིན་པོ་ཆེ་དེ་ཉིད་ གདན་ས་ཆེན་མོ་གཏམས་ཞིང་ལྷུན་གྲུབ་ཆོས་གླིང་དུ་ བཞུགས་སུ་གསོལ་ནུག། ཤུལ་ལས་སྐུ་གདུང་དེ་ གཡུང་དྲུང་ཆོས་གླིང་ལུ་ བཞུགས་ཐབས་བྱུང་ན་ འབྲུག་རྒྱལ་ཁབ་ཀྱི་བསྟན་སྲིད་ལུ་ ལེགས་ཚོགས་འཕེལ་བའི་ལུང་དོན་ གསུང་སྤྲུལ་བདུན་པ་གིས་ བཀའ་གནང་བ་བཞིན་དུ་ དེ་ཁར་གདན་འདྲེན་ཞུ་སྟེ་ ད་ལྟོ་འགྲོ་བ་ཡོངས་བསོད་ནམས་བསག་ནིའི་་རྟེན་ མཆོད་སྡོང་ཆེན་མོ་དེ་ནང་ བཞུགས་ཏེ་ཡོད་པའི་ལོ་རྒྱུས་འདུག། ཨིན་རུང་ ལོ་རྒྱུས་སོ་སོ་གཅིག་ལས་ བཤད་དོ་བཟུམ་འབད་བ་ཅིན་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ མ་ཆེན་རྣམ་གཉིས་ཟེར་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་རིན་པོ་ཆེ་དང་ གཏེར་སྟོན་ཆེན་པོ་རིག་འཛིན་པདྨ་གླིང་པའི་སྐུ་གདུང་རྣམ་གཉིས་ རྒྱལ་ཁབ་འདིའི་ཕྱག་མཆོད་ཀྱི་ཡུལ་ བྱིན་རྟེན་གཙོ་བོར་བཞུགས་ཡོདཔ་ཨིན་ནོ།།

ང་བཅས་ལུ་རྒྱབ་སྐྱོར།