sdsafsa
རྫོངཁ།
English

གཞི་ཚོགས་འདིའི་ ལས་རྟགས་ཀྱི་བརྡ་མཚོན།

མེ་ཏོག་པདྨ་ལོ་འདབ་རྒྱས་མི་འདི་ མེ་ཏོག་པདྨ་ལས་སྐུ་འཁྲུངས་མི་ སངས་རྒྱས་གཉིས་པ་ གུ་རུ་རིན་པོ་ཆེའི་བརྡ་མཚོན་ཨིན། ཆོས་ཀྱི་འཁོར་ལོ་འདི་ འགྲོ་བ་ཡོངས་ཀྱི་ཕན་བདེ་དང་ འཛམ་གླིང་ཞི་བདེའི་དོན་ལུ་ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ རྒྱུན་ཆད་མེད་པར་ དར་ཞིང་རྒྱས་པའི་བརྡ་མཚོན་ཨིན། ཆོས་ཀྱི་འཁོར་ལོའི་གཡས་གཡོན་གཉིས་ལུ་ ཀ་ཤ་ཡོད་མི་འདི་གིས་ སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་ ཆོས་ཀྱི་འཁོར་ལོ་དང་པ་བསྐོར་གནང་མི་དང་ འགྲོ་བ་སེམས་ཅན་ཚུ་གིས་ དམ་པའི་ཆོས་ཀྱི་བདུད་རྩི་ལུ་ རོ་མྱོང་བའི་བརྡ་མཚོན་ཨིན། འཁོར་ལོའི་སྟེང་དུ་ པདྨ་རྒྱས་པའི་ལོ་འདབ་གུ་ གཡོན་ཕྱོགས་ལུ་ བྱ་ངང་པ་ཅིག་དང་ གཡས་ཕྱོགས་ལུ་ བྱ་བ་ཀྲོ་ཅིག་ གདོང་སྐོར་རྐྱབ་སྟེ་ཡོད་མི་གིས་ སངས་ཀྱི་གསུང་རབས་ཚུ་ རྒྱ་གར་གྱི་ ལེགས་སྦྱར་སྐད་ལས་ བོད་ཀྱི་ཆོས་སྐད་ལུ་བསྒྱུར་མི་ ལོ་ཙཱ་བ་ཚུ་མཚོནམ་ཨིན། སྦུག་ན་ཡོད་པའི་ནང་པའི་ཡིག་འབྲུ་ཚུ་ སངས་རྒྱས་ཀྱི་གསུང་རབས་ ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བརྡ་མཚོན་དང་ དར་གྱིས་བརྒྱན་ཏེ་ཡོད་པའི་རལ་གྲི་འདི་གིས་ ཤེས་རབ་ཀྱི་ལྷ་འཕགས་པ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ ཆོས་རྒྱལ་ཁྲི་སོང་ལྡེའུ་བཙན་གྱི་བརྡ་མཚོན་ཨིན། དེའི་སྦུག་ན་ཡོད་མི་འདི་ གུ་རུ་རིན་པོ་ཆེའི་ལུང་བསྟན་ལྟར་དུ་བྱོན་མི་ གཏེར་སྟོན་ཆེན་པོ་ལྔའི་ཡ་གྱལ་ གཏེར་སྟོན་པདྨ་གླིང་པའི་སྐུ་འདྲ་ཨིན། སྐུ་འདྲའི་གཡོན་ཕྱོགས་ལུ་ ཡི་དམ་དཔའ་བོ་མཁའ་འགྲོ་ཚུ་གིས་ བདུད་རྩིའི་བུམ་པ་བཞེངས་པའི་ཚུལ་དང་ གཡས་ཕྱོགས་ལུ་ དཔའ་བོ་མཁའ་འགྲོ་ཚུ་གིས་ བྱིན་རླབས་ལྡན་པའི་འབྲུ་སྣ་ཚུ་ མཆོད་པ་ཕུལ་བའི་བརྡ་མཚོན་ཨིན། ལས་རྟགས་འདི་གུ་ འཛམ་གླིང་ཀུན་ཁྱབ་ཟེར་བའི་ ཡི་གུ་ཡོད་མི་འདི་གིས་ འཇིག་རྟེན་གྱི་ཁམས་ཀུན་ལུ་ཁྱབ་པའི་བརྡ་མཚོན་དང་ རྡོ་རྗེ་ཐེག་པ་འདི་ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་མཚོན་བྱེད་དང་ པད་གླིང་ཆོས་ཀྱི་དགའ་ཚལ་ཟེར་མི་འདི་ འཛམ་གླིང་ནང་ པད་གླིང་གི་ཆོས་རྒྱུད་ འཛིན་སྐྱོང་སྤེལ་གསུམ་གྱི་ལྟེ་གནས་ཨིན་པའི་བརྡ་མཚོན་ཨིན།།

ང་བཅས་ལུ་རྒྱབ་སྐྱོར།